1 of 50

འཇིག་རྟེན་ཁམས།

འཇིག་རྟེན་ཁམས་བཤད་པ་ལ་ཉི་མའི་ཁྱིམ་རྒྱུད་དང་། འཇིག་རྟེན་ཁམས་ཀྱི་བྱུང་ཚུལ་རགས་ཙམ་ཤེས་དགོས། དེར་བརྟེན་དང་པོ་ཉི་མའི་ཁྱིམ་རྒྱུད་བཤད་ན། ཉི་མའི་ཁྱིམ་རྒྱུད་དུ་གཟའ་བརྒྱད་དང་ཉི་མ་བཅས་ཡོད་ལ། ཁྱིམ་རྒྱུད་ཀྱི་དབུས་སུ་ཉི་མ་ཆགས་ཡོད་ལ་དེའི་མཐའ་འཁོར་དུ་གཟའ་བརྒྱད་ཀྱིས་རང་རང་གི་འཁོར་ལམ་དུ་ཉི་མར་སྐོར་བ་བྱེད་བཞིན་ཡོད།

ཉི་མའི་ཁྱིམ་རྒྱུད།

གཟའ་བརྒྱད་ནི་ལྷག་པ་དང་། པ་སངས། སའི་གོ་ལ། མིག་དམར། ཕུར་བུ། སྤེན་པ། གནམ་རྒྱལ། མཚོ་རྒྱལ་བཅས་ཡིན། སྔ་མོ་ཡིན་ན་གཤིན་རྒྱལ་ཡང་ཉི་མའི་ཁྱིམ་རྒྱུད་དུ་གཏོགས་པའི་གཟའ་ཞིག་ཏུ་བརྩིས་ཡོད་ཀྱང་། ད་ཆ་དེ་ཉིད་བོངས་ཆུང་བའི་རྒྱུ་མཚན་གྱིས་གཟའ་རུ་ངོས་འཛིན་མི་བྱེད་པར་གནམ་རིག་ལྷན་ཚོགས་ནས་ཐག་བཅད་དེ་གཏན་ལ་ཕབ། གཟའ་བརྒྱད་པོ་དེ་དག་གི་ཆེ་ཚད་ཉི་མ་ནས་བརྩིས་པའི་རྒྱང་ཐག་ཇི་ཙམ་ལ་གནས་པ་སོགས་ནི་གཤམ་གྱི་རེའུ་མིག་ཏུ་གསལ་ཡོད།

2 of 50

3 of 50

གཟའ།

ཉི་མ་ནས་བརྩིས་པའི་རྒྱང་ཐག་ཀི་ལོ་མི་ཊར་དང་། སྐར་དཔྱད་བརྩི་གཞི་ནང་།

གཟའ་ཡི་ཚངས་ཐིག

ལྷག་པ།

57,910,000 Km

0.387 A.U.

4,800 Km

པ་སངས།

108,200,000 Km

0.723 A.U.

12,100 Km

སའི་གོ་ལ།

149,600,000 Km

1.000 A.U.

12,750 Km

མིག་དམར།

227,940,000 Km

1.524 A.U.

6,800 Km

ཕུར་བུ།

778,330,000 Km

5.203 A.U.

142,800 Km

སྤེན་པ།

1,424,600,000 Km

9.523 A.U.

120,660 Km

གནམ་རྒྱལ།

2,873,550,000 Km

19.208 A.U.

51,800 Km

མཚོ་རྒྱལ།

4,501,000,000 Km

30.087 A.U.

49,500 Km

གཤིན་རྒྱལ།

(གཟའ་མིན།)

5,945,900,000 Km

39.746 A.U.

3,300 Km

4 of 50

  • གཟའ་བརྒྱད་ལས་ལྷག་པ་སོགས་དང་པོ་བཞི་ནི་ལྟོས་འཇོག་གིས་ཉི་མ་དང་རྒྱང་ཐག་ཉེ་བའི་རྒྱུ་མཚན་གྱིས་དེ་དག་ལ་གཟའ་ནང་མ་དང་། ཕུར་བུ་སོགས་བཞི་པོ་ལྟོས་འཇོག་གིས་ཉི་མ་ནས་རྒྱང་ཐག་རིང་བའི་རྒྱུ་མཚན་གྱིས་གཟའ་ཕྱི་མ་ཞེས་དབྱེ་བ་ཕྱེ་སྲོལ་ཡོད། གཟའ་ནང་མ་བཞི་ཡི་རྩོམ་བྱེད་གཙོ་བོ་བྲག་རྡོ་དང་ལྕགས་རིགས་ཡིན་པས་རང་རང་གི་བོངས་ཚད་ལ་གཞིག་སྟེ་གདོས་ཚད་ཧ་ཅང་ཆེ་བ་ཡིན་ཞིང་། གཟའ་ཕྱི་མ་རྣམས་ནི་གཙོ་བོ་ཡང་རླུང་དང་ཧི་ལི་ཡམ་སྟེ་རླངས་རྫས་ལས་གྲུབ་པ་ཡིན་པས་བོངས་ཚད་ཧ་ཅང་ཆེ་ཡང་དེ་ལ་དཔག་པའི་གདོས་ཚད་མི་ཆེ། གཟའ་བརྒྱད་པོ་དེ་དག་ལས་ཆུང་ཤོས་ནི་གཟའ་ལྷག་པ་ཡིན་པ་དང་། ཆེ་ཤོས་ཕུར་བུ་ཡིན། གཟའ་ཕུར་བུའི་གདོས་ཚད་ནི་སའི་གོ་ལའི་གདོས་ཚད་ལས་ལྡབ་ ༣༠༠ ཙམ་གྱིས་ཆེ་བ་ཡོད།

5 of 50

  • ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་སོ་སོར་ཟླ་བ་མང་ཉུང་སྣ་ཚོགས་ཡོད་ཅིང་། དེ་མིན་ང་ཚོའི་ཟླ་བ་ལས་ཆུང་བའི་སྐར་རྡོ་ཧ་ཅང་མང་པོ་ཡོད་ལ། ལྷག་པར་དུ་གཟའ་ཕྱི་མ་དང་གཟའ་ནང་མའི་བར་ལ་སྐར་རྡོ་སྐ་རགས་ཞེས་སུ་འབོད་པའི་ས་ཁུལ་དུ་སྐར་རྡོ་ཆེ་ཆུང་ཧ་ཅང་མང་པོ་ཡོད་པ་དེ་དག་གིས་ཉི་མར་སྐོར་བ་བྱེད་ཀྱི་ཡོད། དེ་མིན་དུ་བ་མཇུག་རིང་ལ་སོགས་པའི་མཁའ་གཟུགས་སྣ་ཚོགས་པ་ཞིག་ཡོད།

6 of 50

7 of 50

  • སའི་གོ་ལ་དང་ཉི་མའི་བར་ལ་རྒྱང་ཐག་ཀི་ལོ་མི་ཊར་ས་ཡ་བརྒྱ་དང་ལྔ་བཅུ་ཙམ་ཡོད་ལ། དེ་ནི་གཟའ་སྐར་བརྩི་གཞི་གཅིག་དང་ཚད་མཉམ་པ་ཡིན། ཉི་མའི་ཁྱིམ་རྒྱུད་ཀྱི་ཁྱོན་དུ་རྒྱང་ཐག་འཇལ་བ་ན་ཤུགས་ཆེ་བར་གཟའ་སྐར་བརྩི་གཞི་(AU)ནང་འཇལ་གྱི་ཡོད། ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་བརྒྱད་པ་མཚོ་རྒྱལ་ལྟ་བུར་མཚོན་ན་ཉི་མ་ནས་རྒྱང་ཐག་གཟའ་སྐར་བརྩི་གཞི་ ༣༠་༡ གི་སར་ཡོད་པས། དེ་ཉིད་ཀི་ལོ་མི་ཊར་དུ་བརྩིས་ན་ཐེར་འབུམ་བཞི་དང་ཕྱེད་ཙམ་ཡིན། སྣང་སྲིད་རིག་པ་རྣམས་ཀྱིས་ད་བར་ཤེས་རྟོགས་བྱུང་བའི་གནས་ཚུལ་གཞིར་བཟུང་བྱས་ན་ང་ཚོའི་གོ་ལ་འདི་གྲུབ་ནས་ལོ་ངོ་ཐེར་འབུམ་བཞི་དང་ཕྱེད་ལྷག་ཕྱིན་ཡོད་པ་རེད།

8 of 50

འཇིག་རྟེན་ཁམས།

འཇིག་རྟེན་ཁམས་སྤྱིའི་བྱུང་ཚུལ་མདོར་ཙམ་བཤད་པ་ལ། གཟའ་སྐར་གྱི་སྐོར་བཤད་པ་དང་། གས་ཐོར་ཆེན་པོའི་སྐོར་བཤད་པའོ། དང་པོ་འཇིག་རྟེན་ཁམས་ནི་གཟའ་དང་། སྐར་མ། དགུ་ཚིགས་ལ་སོགས་པས་གྲུབ་པ་ཡིན།

9 of 50

འོ་ན་གཟའ་དང་སྐར་མའི་བར་ལ་ཁྱད་པར་གང་ཡོད་ཞེ་ན། དེ་གཉིས་ལ་ཁྱད་པར་མང་ཡང་གཙོ་བོ་ནི།

༡། སྐར་མ་ལ་གཟའ་ལས་གདོས་ཚད་དང་བོངས་ཚད་ཧ་ཅང་གི་ཆེ་བ་ཡོད།

༢། སྐར་མ་ལ་རང་འོད་ཡོད་ལ་གཟའ་ལ་རང་འོད་མེད།

༣། སྐར་མ་ལ་ཚ་ཚད་ཤིན་ཏུ་མཐོ་པོ་ཡོད་ལ། གཟའ་རྣམས་ཀྱི་དབུས་ཆ་རྡོ་ཞུན་འཁོལ་མ་ལས་གྲུབ་པ་ཡིན་ཡང་སྐར་མ་དང་བསྡུར་ན་ཚ་ཚད་ཧ་ཅང་གི་དམའ་པོ་ཡིན། ཉི་མ་ནི་སྐར་མའི་མཚན་གཞི་དང་། སའི་གོ་ལ་ནི་གཟའ་ཡི་མཚན་གཞི་ཡིན།

10 of 50

  • སྐར་མ་རྣམས་གདོས་ཚད་ཤིན་ཏུ་ཆེ་བས་དེ་དག་གི་འཐེན་ཤུགས་དྲག་ལ། འཐེན་ཤུགས་དེའི་དབང་གིས་སྐར་མ་རྣམས་གནས་གཅིག་ཏུ་རུབ་སྟེ་གནས་ཀྱི་ཡོད། དེ་འདྲའི་སྐར་ཚོགས་ལ་དགུ་ཚིགས་ཟེར། འཇིག་རྟེན་ཁམས་སུ་དགུ་ཚིགས་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་ལས་དགུ་ཚིགས་སྐྱ་མོ་ནི་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཡོད་སའི་དགུ་ཚིགས་དེ་ཡིན། གཡའ་དག་པའི་མཚན་མོ་ཞིག་ལ་ནམ་མཁར་བལྟས་པ་ཡིན་ན། སྤྲིན་དཀར་སྲབ་མོའི་དར་ལྟ་བུ་ཞིག་མཐོང་བ་དེ་ནི་དགུ་ཚིགས་སྐྱ་མོ་ཡིན། འཇིག་རྟེན་ཁམས་ནང་དགུ་ཚིགས་ཐེར་འབུམ་མང་པོ་ཡོད་པ་དང་། དགུ་ཚིགས་རེ་རེའི་ནང་དུ་སྐར་མ་ཐེར་འབུམ་བརྒྱ་བརྒལ་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།

11 of 50

12 of 50

  • ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ཏེ་སྐར་མ་དང་དགུ་ཚིགས་སོགས་ཀྱི་རྒྱང་ཐག་འཇལ་བ་ན་གཟའ་སྐར་བརྩི་གཞི་ཆུང་དྲགས་པས་དེའི་ཚབ་ཏུ་འོད་ལོ་བེད་སྤྱོད་བྱེད་པ་རེད། འོད་ལོ་ནི་འོད་ཀྱིས་ལོ་གཅིག་གི་རིང་ལ་བགྲོད་པའི་རྒྱང་ཐག་དེ་ཡིན་ལ། དེ་ལ་ཀི་ལོ་མི་ཊར་ཁྲག་ཁྲིག་ཆེན་པོ་དགུ་(9.5 x 10 12 km) དང་ཕྱེད་ལྷག་ཡོད།

13 of 50

  • ཉི་མ་དང་ཐག་ཉེ་ཤོས་ཀྱི་སྐར་མ་སེན་ཊོ་རི་ནི་ཉི་མ་ནས་འོད་ལོ་ ༤ ལྷག་ཙམ་གྱི་སར་གནས་ཡོད།

14 of 50

  • འཇིག་རྟེན་ཁམས་ནི་གས་འཐོར་ཆེན་པོ་ནས་འགོ་ཚུགས་པར་འདོད་ཅིང་། གས་ཐོར་ཆེན་པོ་བྱུང་ནས་ད་བར་མི་ལོ་ཐེར་འབུམ ༡༣་༧ ཙམ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། འོ་ན་གས་འཐོར་ཆེན་པོ་བྱུང་བ་ལས་གང་ཤེས་ཞེ་ན། ༡༩༢༧ ཡས་མས་སུ་ཨ་རིའི་ཚན་རིག་པ་ཨེཌ་ཝིན་ཧ་བྷལ་གྱིས་ཤུགས་ཚད་ཆེ་བའི་རྒྱང་ཤེལ་བརྒྱུད་ཐག་རིང་སར་གནས་པའི་དགུ་ཚིགས་ཕན་ཚུན་དབར་གྱི་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པས་གནས་ཚུལ་རྟོགས། དགུ་ཚིགས་ཕན་ཚུན་ཇི་ཙམ་རྒྱང་ཐག་རིང་བ་དེའི་ཚོད་ཀྱིས་དེ་དག་མགྱོགས་ཚད་མཐོ་བའི་ངང་ཕན་ཚུན་རྒྱང་ཐག་རིང་དུ་འགྲོ་ངེས་ཡིན། ངང་ཚུལ་འདི་ལ་ཧ་བྷལ་གཏན་ཁྲིམས་ཟེར།

15 of 50

  • འཇིག་རྟེན་ཁམས་ཀྱི་མཁའ་གཟུགས་རྣམས་ཇི་རྒྱང་དུ་འགྲོ་ཚོད་ལ་གཞིགས་ཏེ་སྔར་གཟུགས་དེ་རྣམས་ཉེ་བ་ཡོད་པ་ཚོད་དཔག་བྱེད་ཅིང་། ལོ་ངོ་ཐེར་འབུམ་ ༡༣་༧ གྱི་ཡར་སྔོན་དུ་འཇིག་རྟེན་ཁམས་ནང་གི་བེམ་ནུས་ཡོད་དོ་ཅོག་མཉམ་རུབ་གོང་བུ་གཅིག་ལྟ་བུར་གནས་ཡོད་པའི་ཚོད་དཔག་བྱེད་ཐུབ། དེ་ལྟའི་གོང་བུ་ནི་ཚགས་ཧ་ཅང་དམ་ལ་འཐེན་ཤུགས་ཀྱིས་ཡོངས་སུ་བཅིངས་པའི་གནས་སྟངས་ཤིག་ཡིན་ལ། རྐྱེན་ཞིག་གི་དབང་གིས་དེ་ཉིད་གས་ཐོར་དུ་སོང་སྟེ་ད་ལྟའི་འཇིག་རྟེན་ཁམས་བྱུང་བའི་ཚོད་རྩིས་བྱེད། འཇིག་རྟེན་ཁམས་ཀྱི་འགོ་བཙུགས་སྟངས་འདི་ལ་གས་ཐོར་ཆེན་པོ་ཞེས་བརྗོད།

16 of 50

  • དེང་སྐབས་གནམ་རིག་པ་རྣམས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་རྒྱང་ཤེལ་ནུས་པ་ཆེ་ཤོས་རྣམས་ནི་བར་སྣང་དུ་ཡོད་ཅིང་། དེའི་མིང་ལ་ཧ་བྷལ་རྒྱལ་ཤེལ་ཞེས་སྐར་དཔྱད་པ་ཧ་བྷལ་གྱི་མཚན་ནས་བཏགས་པ་ཞིག་རེད། དེང་གི་དུས་སུ་དུས་དེབ་དང་ཚགས་པར་སོགས་ཀྱི་ནང་འདོན་པའི་རྒྱུ་སྐར་གྱི་བརྙན་པར་ཕལ་མོ་ཆེ་རྒྱང་ཤེལ་འདིའི་ཐོག་གི་པར་ཆས་ལས་བླངས་པ་ཤ་སྟག་ཡིན། མདོར་ན་ཟླ་བས་སའི་གོ་ལ་ལ་བསྐོར་བ་བྱེད་ཅིང་། སའི་གོ་ལ་དང་གཟའ་གཞན་ཚོས་ཉི་མར་བསྐོར་བ་བྱེད་པ་དང་། ཉི་མའི་ཁྱིམ་རྒྱུད་ཀྱིས་དགུ་ཚིགས་སྐྱ་མོའི་ཁྲོད་དུ་བགྲོད་ལ། དེ་ཉིད་དགུ་ཚིགས་ཀྱི་ཚོམ་བུའི་ཁྲོད་དུ་རྒྱུ་བ་བཅས་འཇིག་རྟེན་ཁམས་ཀྱི་ནང་དུ་ཡོད་པའི་གཟུགས་གཅིག་ཀྱང་མ་ལུས་པ་དུས་རྟག་ཏུ་རྒྱུ་བཞིན་ཡོད།

17 of 50

18 of 50

19 of 50

20 of 50

21 of 50

22 of 50

23 of 50

24 of 50

25 of 50

འཇིག་རྟེན་ཁམས་ཀྱི་ཁྱད་ཆོས་འགའ།

  • འཇིག་རྟེན་ཁམས་ཀྱི་ངོ་མཚར་བའི་ཁྱད་ཆོས་འགའ་འགོད་པ་ལ། འཇིག་རྟེན་ཁམས་ཀྱི་ནང་རོབ་རྩིས་སུ་དགུ་ཚིགས་ཐེར་འབུམ་ཆེན་པོ་གཅིག་(1010galaxies) ཡོད་པ་དང་། དགུ་ཚིགས་རེ་རེའི་ནང་སྐར་མ་ཐེར་འབུམ་ཆེན་པོ་རེ་ཡོད་པས། ཁྱོན་འཇིག་རྟེན་ཁམས་སུ་སྐར་མ་ཁྱད་འབྱིན་(1021)གཅིག་ཙམ་ཡོད། ཡང་འཇིག་རྟེན་ཁམས་ཀྱི་གྲུབ་ཆ་ལ་བལྟས་ན་ད་ལྟའི་ཆར་འཇིག་རྟེན་ཁམས་ཀྱི་གྲུབ་ཆའི་བརྒྱ་ཆ་ལྔ་མན་ཙམ་ཞིག་ང་ཚོས་མཐོང་རེག་ཏུ་ཡོད་པའི་རྒྱུན་ལྡན་གྱི་བེམ་གཟུགས་དང་ནུས་པས་གྲུབ་པ་ཡིན་ཞིང་། ལྷག་མ་བརྒྱ་ཆ་༢༦་༨ ནི་མི་མངོན་བེམ་གཟུགས་དང་། བརྒྱ་ཆ་ ༦༨་༣ ནི་མི་མངོན་ནུས་པས་གྲུབ་པར་སྣང་སྲིད་རིག་པས་འདོད་བཞིན་ཡོད། མི་མངོན་བེམ་གཟུགས་དང་མི་མངོན་ནུས་པ་རྣམས་ནི་མིང་གིས་བསྙད་པ་བཞིན་ང་ཚོར་མངོན་དུ་མེད་པ་ཡིན་ལ། དེ་དག་ཡོད་པའི་ཚོད་དཔག་ནི་འཇིག་རྟེན་ཁམས་ཀྱི་རྒྱ་སྐྱེད་འགྲོ་ཚད་ལ་གཞིག་སྟེ་བྱེད་པ་ཞིག་རེད། །

26 of 50

27 of 50

གས་ཐོར་ཆེན་པོ།

གས་ཐོར་ཆེན་མོའི་འདོད་ཚུལ་ནི་རྟོག་ཞིབ་དང་ལྟ་གྲུབ་ཀྱི་རྣམ་གཞག་གཉིས་སྦྲེལ་ཏེ་བྱུང་བ་ཞིག་ཡིན། སྔ་མོ་ནས་བརྟག་དཔྱད་མཁན་ཚོས་ཧ་ལམ་སྒོར་འཁྱིལ་དུ་ཡོད་པའི་སྐར་སྤྲིན་རྣམས་ང་ཚོའི་འཛམ་གླིང་ནས་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་པ་ཤེས་རྟོགས་ཐུབ་ཡོད་ཀྱང་ཁོང་ཚོས་གནས་ཚུལ་དེ་དག་གིས་སྣང་སྲིད་ཀྱི་གོ་དོན་ཇི་འདྲ་ཞིག་སྟེར་མིན་ཤེས་ཀྱི་མེད་ལ་སྐར་སྤྲིན་དེ་དག་ང་ཚོའི་དགུ་ཚིགས་སྐྱ་མོའི་ཕྱི་རོལ་དུ་ཡོད་པའི་དགུ་ཚིགས་གཞན་ཡིན་པ་ཁོང་ཚོས་དེ་བས་ཀྱང་ཤེས་ཀྱི་མེད། ཕྱི་ལོ་ ༡༩༢༧ ལོར་ཡེ་ཤུའི་མཆོད་དཔོན་ཇོར་ཇི་ལེ་མའི་ཀྲི (Georges Lemaitre) ཡིས། དེ་སྔོན་ཚན་རིག་པ་ཨ་ཡིན་སི་ཊན་ Einstein གྱི་ཡོངས་ཁྱབ་ལྟོས་གྲུབ་ཀྱི་མཚུངས་རྩིས་དང་སྐར་སྤྲིན་ཕྱི་འགྲོས་བྱེད་པ་གཉིས་གཞི་ལ་བཞག་སྟེ་འཇིག་རྟེན་འདི་གདོད་མའི་དངོས་གཟུགས་ཀྱི་གོང་བུ་ཞིག་གས་ཐོར་དང་ལྷན་དུ་འགོ་ཚུགས་པ་རེད་ཅེས་བརྗོད་ཡོད་པ་དང༌། རྗེས་སུ་ལྟ་གྲུབ་འདིར་གས་ཐོར་ཆེན་མོ་ (Big Bang) ཞེས་མིང་ཐོགས་པ་རེད།

28 of 50

  • དེ་ཡང་ཕྱི་ལོ་ ༡༩༢༩ ལོར་སྐར་དཔྱད་རིག་པ་བ་ཧབ་བྷལ་ (Edwin Hubble) ཞེས་པ་དེས་ནམ་མཁར་ཡོད་པའི་སྐར་ཚོམ་ལ་དཔྱད་པ་བྱེད་སྐབས་འོད་ཟེར་ཡོད་ཚད་ཁ་དོག་དམར་པོའི་ཕྱོགས་སུ་སྐྱོག་པའམ་དམར་ཤས་ཅན་དུ་འགྱུར་བ་རྙེད་ཡོད། དེ་ནི་འོད་མདངས་ཅན་གྱི་དངོས་གཟུགས་ཤིག་ལ་བལྟ་སྐབས་དངོས་གཟུགས་དེ་དཔྱད་ཞིབ་པའི་གནས་བབ་ནས་ལྡོག་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་ཡོད་ན་དེ་ལས་བྱུང་བའི་འོད་ཀྱི་ཁ་དོག་དམར་པོའི་ཕྱོགས་སུ་སྐྱོག་འགྲོ་བ་དང་གནས་ཚུལ་འདིར་ཚན་རིག་གི་ཐ་སྙད་དུ་དམར་སྤོས་ (Red Shifted) ཟེར་གྱི་ཡོད།

29 of 50

  • དངོས་གཟུགས་གང་ཡང་ང་ཚོའི་གནས་བབ་ནས་ཕར་སྐྱོད་པའི་མྱུར་ཚད་ཇི་ཙམ་ཆེ་བ་དེ་ཙམ་གྱིས་དམར་སྤོའི་ཚད་གཞི་མཐོ་བའམ་འོད་ཟེར་དེ་དམར་ཤས་ཆེ་བ་མཐོང་གི་ཡོད། ཕྱིར་འགྲོས་ཀྱི་མྱུར་ཚད་ཆེ་རུ་འགྲོ་སྐབས་དམར་སྤོས་ཚད་མཐོ་རུ་འགྲོ་ཚུལ་འདིར་ཧབ་བྷལ་གྱི་གཏན་སྲོལ་ཟེར་བ་ཡིན།
  • འཇིག་རྟེན་ནང་ཡོད་པའི་སྐར་ཚོམ་དང་དགུ་ཚིགས་དག་ཕན་ཚུན་ཁ་གྲམ་ནས་འགྲོ་བཞིན་པའི་དངོས་ཡོད་ཀྱི་བདེན་དོན་འདི་ལ་བརྟེན་ནས་སྔར་གྱི་དུས་ཤིག་ན་འདི་དག་ཐོག་མར་གཞི་གཅིག་ཏུ་ཚོགས་ནས་ཡོད་པ་ལས་རིམ་བཞིན་ཁ་བྲལ་སོང་བའི་རྗེས་དཔག་བྱས་པ་དང་། གཞི་གཅིག་ནས་ཐམས་ཅད་ཁ་བྲལ་སོང་བའི་བསམ་ཚུལ་ལ་བརྟེན་ནས་གས་ཐོར་ཆེན་མོ་ཞེས་གྲུབ་དོན་གྱི་མིང་བྱུང་ཡོད། ཧབ་བྷལ་གཏན་སྲོལ་མ་དར་བའི་སྔོན་དུ་ཚན་རིག་པ་ཨ་ཡིན་སི་ཊན་སོགས་ཀྱིས་འཇིག་རྟེན་འགུལ་མེད་ཀྱི་གྲུབ་དོན་བཤད་པ་དང་། ཁོང་ཚོས་འཇིག་རྟེན་འདི་སྔར་ཐོག་མ་མེད་པ་ནས་ད་བར་མུ་མཐའ་དང་གཡོ་བ་མེད་པར་དེ་མུར་གནས་པར་འདོད་ཀྱི་ཡོད།

30 of 50

  • ཐོག་མར་གས་ཐོར་ཆེན་མོ་དང་འཇིག་རྟེན་གཡོ་མེད་ཀྱི་འདོད་ཚུལ་འདི་གཉིས་ལས་ཕན་ཚུན་འགལ་བར་འཛིན་པའི་ལྟ་གྲུབ་གཙོ་བོ་གཉིས་བྱུང་བ་དང༌། དེ་ཡང་ལེ་མའི་ཀྲི་ཡིས་གས་ཐོར་ཆེན་མོའི་གཞུང་ལུགས་རྒྱུད་འཛིན་བྱས་ཏེ་འཇིག་རྟེན་ནི་རྟག་ཏུ་རྒྱ་སྐྱེད་བྱེད་བཞིན་པར་འདོད་མཁན་ཁག་གཅིག་དང༌། དེ་མིན་ཧོའི་ལི་ (Hoyle) གྱི་འདོད་ཚུལ་ལྟར་འཇིག་རྟེན་འདི་རྟག་ཏུ་གཞི་གཅིག་ལ་གནས་པར་འདོད་མཁན་ཁག་གཅིག་བཅས་བྱུང་བ་རེད། ལེ་མའི་ཀྲི་ཡི་ལྟ་གྲུབ་ལ་གས་ཐོར་ཆེན་མོ་ཞེས་འདོགས་མཁན་ཡང་ཧོའི་ལི་རང་ཉིད་ཡིན་ལ་དེ་ཡང་ཐོག་མར་མིང་ངན་གྱི་ཚུལ་དུ་བཏགས་པ་ཞིག་ཡིན།

31 of 50

  • གས་ཐོར་ཆེན་མོའི་མིང་ཚིག་འདི་ཕྱི་ལོ་ ༡༩༥༠ ལོར་ཐོག་མར་པར་དུ་བཀོད་པ་དང་དེ་ནས་བཟུང་ཡོངས་གྲགས་སུ་གྱུར་བ་རེད། དེའི་རྗེས་ལོ་མང་རིང་གཞུང་ལུགས་འདི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་མཚུངས་བྱུང་ཡོད་ན་ཡང་མཐར་ཉམས་ཞིབ་ཀྱི་འབྲས་བུར་འཇིག་རྟེན་རྒྱ་སྐྱེད་བྱེད་བཞིན་པར་རྙེད་པ་དང་། ལྷག་པར་དུ་ཕྱི་ལོ་༡༩༦༥ ལོར་གཞི་གདན་སྣང་སྲིད་ཕྲ་རླབས་ Cosmic-Microwave-background གསར་རྙེད་བྱུང་བ་ནས་བཟུང་གས་ཐོར་ཆེན་མོའམ་རྒྱ་སྐྱེད་བྱེད་བཞིན་པའི་འཇིག་རྟེན་གྱི་གཞུང་ལུགས་དེ་སྣང་སྲིད་འབྱུང་ཁུངས་ཀྱི་གཞུང་ལུགས་ལེགས་ཤོས་སུ་གྱུར་པ་རེད། ད་ལྟའི་ཆར་སྣང་སྲིད་རིག་པ་དང་འབྲེལ་བའི་གནད་དོན་ཕལ་ཆེ་བ་ནི་གས་ཐོར་ཆེན་མོ་གཞིར་བཞག་ཐོག་སྐར་ཚོམ་རྣམས་ཇི་ལྟར་གྲུབ་མིན་དང༌། གས་ཐོར་ཆེན་མོའི་གནས་སྐབས་སུ་གང་བྱུང་མིན་ཤེས་ཐབས་བྱེད་རྒྱུ་དང་གཞི་རྩའི་གཞུང་ལུགས་འདི་གཞིར་བཞག་ཐོག་རྟོག་ཞིབ་ཀྱི་འབྲས་བུ་རྣམས་ཕྱོགས་བསྡུ་བྱ་རྒྱུ་བཅས་ཡིན།

32 of 50

  • གས་ཐོར་ཆེན་མོའི་གཞུང་ལུགས་ཐད་བརྒྱ་ཕྲག་ཉི་ཤུའི་སྨད་ཙམ་ནས་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་གི་འགོ་སྟོད་དབར་ཡར་རྒྱས་ཆེན་པོ་བྱུང་ཡོད། དེ་ཡང་དུས་ཚོད་འདིའི་ནང་རྒྱང་ཤེལ་སྤུས་ལེགས་བཟོ་སྐྲུན་ཐུབ་པ་དང་མིས་བཟོས་སྲུང་སྐར་ཁོ་བི་ (COBE) ཡིས་ཚད་འཇལ་ཟིན་ཐོ་དག་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བཞིན་རྒྱ་སྐྱེད་ཀྱི་མགྱོགས་ཚད་ཀྱང་གཏན་ཚུགས་སུ་མིན་པར་གོང་མཐོར་འགྲོ་བཞིན་པ་ཤེས་རྟོགས་བྱུང་བ་དང་། རྒྱ་སྐྱེད་ཀྱི་མགྱོགས་ཚད་ལ་བརྟེན་ནས་འཇིག་རྟེན་གྱི་དངོས་གཟུགས་རྣམས་ཐོག་མར་གཞི་གཅིག་ནས་ཁ་གྱེས་པའི་དུས་ཚོད་དེ་བཞིན་ལོ་ངོ་ཐེར་འབུམ་༡༣་༧ ཙམ་གྱི་སྔོན་དུ་བྱུང་བའི་ཚོད་དཔག་བྱེད་བཞིན་ཡོད།
  • གས་ཐོར་ཆེན་མོ་མ་བྱུང་བའི་སྔོན་དུ་གང་ཡོད་པ་དང་གང་འདྲ་ཡོད་པ། དེ་ལས་ཐམས་ཅད་ཁ་འཐོར་གྱིས་རྒྱ་སྐྱེད་ཡོང་དོན་སོགས་ད་ལྟའི་ཚན་རིག་གི་འགྲེལ་བརྗོད་ཐུབ་ཀྱི་མེད། འོན་ཀྱང་གས་ཐོར་ཆེན་མོ་བྱུང་བའི་རྗེས་སུ་གང་བྱུང་མིན་དང་འཇིག་རྟེན་ཁམས་ཀྱི་ཆེ་ཚད་དང་ཚ་ཚད་སོགས་རྗེས་དཔག་བྱེད་ཀྱི་ཡོད་ལ་གནད་དོན་འདི་དག་གཞི་ལ་བཞག་ནས་གས་ཐོར་ཆེན་མོའི་རྗེས་ཀྱི་བྱུང་བ་རྣམས་སྡེ་ཚན་སོ་སོར་བགོས་ཡོད། སྡེ་ཚན་འདི་ལ་དུས་བསྐལ་ཟེར་བ་དང་དུས་བསྐལ་མི་འདྲ་བ་རེ་རེའི་ནང་དུ་དམིགས་བསལ་གྱི་གནས་ཚུལ་གང་བྱུང་བ་དེའི་རྗེས་མིང་བཏགས་ཡོད། དུས་བསྐལ་གཙོ་བོ་བཅུ་ཡོད་པ་དེ་དག་ནི།

33 of 50

34 of 50

པི་ལིང་གི་བསྐལ་པ། (Planck epoch)གས་ཐོར་ཆེན་པོ་ནས་སྐར་ཆ་ ༡༠^ ༤༣ བར།

དུས་བསྐལ་འདིའི་རིང་གཞི་རྩའི་ཤུགས་བཞི་པོ་སྟེ། གློག་ཁབ་ལེན་གྱི་ཤུགས་དང་། ཞན་ཤུགས། དྲག་ཤུགས། འཐེན་ཤུགས་བཅས་ཚང་མའི་ནུས་པ་མཉམ་དགོས་པ་དང་སྐབས་དེར་གཅིག་སྡུད་ཀྱི་ཤུགས་གཅིག་ལས་མེད་པའང་ཡིན་སྲིད། དུས་བསྐལ་འདིའི་ཐད་བསམ་ཚུལ་མི་མཐུན་པ་མང་པོ་ཡོད་པ་དང་དེ་རེ་རེས་འགྲེལ་བཤད་མི་འདྲ་རེ་བྱེད་པས། སྐབས་འདིའི་གནས་ཚུལ་དེ་ཙམ་ཤེས་རྟོགས་ཐུབ་ཀྱི་མེད། སྤྱིའི་ལྟོས་གྲུབ་ཀྱི་རྣམ་བཞག་ལྟར་བྱས་ན་དུས་བསྐལ་འདིའི་སྔ་རོལ་དུ་འཐེན་ཤུགས་ཀྱིས་ཟིན་པའི་གཅིག་རྐྱང་(Gravitational singularity)གི་གོང་བུ་ཞིག་ཡོད་པ་འདོད་ཀྱང་བསམ་ཚུལ་དེར་ཚད་རྡུལ་ཤུགས་རིག་གིས་གནོད་ཀྱི་ཡོད། དེང་དུས་ཡར་ཐོན་བྱུང་བཞིན་པའི་ཚད་རྡུལ་འཐེན་ཤུགས་ཀྱི་གྲུབ་དོན། དཔེར་ན། ཕྲ་སྐུད་གྲུབ་དོན་རྣམ་བཞག་ (String Theory)ལྟ་བུས་དུས་བསྐལ་འདིའི་སྐོར་གནས་ཚུལ་མང་ཙམ་དང་ཁ་ཇི་གསལ་གཏོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

35 of 50

36 of 50

དྲག་ཤུགས་(Strong nuclear force)

  • དྲག་ཤུགས་ནི་ལྟེ་རྡུལ་ནང་གི་ཕོ་རྡུལ་དང་བར་རྡུལ་རྣམས་དམ་པོར་འཆིང་བར་བྱེད་པའི་ཤུགས་དེ་ཡིན།

37 of 50

ཞན་ཤུགས། (Weak nuclear force)

  • ཞན་ཤུགས་ནི་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་དུ་ཤུགས་རྐྱེན་ཐེབས་སའི་ཤུགས་བཞི་པོ་ནས་གཅིག་ནས་ཡིན་པ་དང་། དེ་ནི་ཤུགས་གཞན་གསུམ་དང་མི་འདྲ་བར་དངོས་རྫས་ཀྱི་རྡུལ་རྣམས་འདུས་ཏེ་འཆིངས་པར་མ་བྱེད་པར། སོ་སོར་ལོགས་སུ་གྱེས་པར་བྱེད་པའི་ཤུགས་ཀྱི་ཁྱབ་ཚད་ཆུང་ཆུང་ཞིག་ཡིན། དེའི་འབྱུང་ཁུངས་ནི་ཞན་ཁུར་ཡིན།

38 of 50

གློག་ཁན་ལེན་ཤུགས་(Electromagnetic force)

  • གློག་ཁབ་ལེན་ནི་གློག་འཁུར་གློག་འཁུར་བར་དང་། ཁབ་ལེན་ཁབ་ལེན་བར་དང་། གློག་འཁུར་ཁབ་ལེན་བར་ལ་མངོན་པའི་ཤུགས་དེ་ཡིན།

39 of 50

འཐེན་ཤུགས་(Gravitational force)

  • འཐེན་ཤུགས་ནི་གདོས་ཚད་ཅན་གྱི་དངོས་པོ་བར་མངོན་པའི་ཤུགས་དེ་ཡིན། དེའི་འབྱུང་ཁུངས་ནི་གདོས་ཚད་ཡིན།

40 of 50

རྒྱ་ཆེའི་ཆིག་སྒྲིལ་གྱི་བསྐལ་པ། (The Grand Unification epoch)�གས་ཐོར་ཆེན་པོ་རྗེས་ཀྱི་སྐར་ཆ་ ༡༠^ ༤༣ ནས་ ༡༠^ ༣༦

པི་ལིང་བསྐལ་པའི་རྗེས་འཇིག་རྟེན་རྒྱ་སྐྱེད་པ་དང་མཉམ་དུ་དྲོད་ཚད་ཆག་པ་དང༌། རྩ་བའི་ཤུགས་བཞི་པོ་ལས་ཐོག་མར་འཐེན་ཤུགས་ཕྱིར་ཐོན་འགོ་བཙུགས། དུས་སྐབས་འདིའི་གནས་སྟངས་མང་པོ་ཞིག་གཅིག་སྡུད་ཀྱི་ཤུགས་ཤིག་གི་ཐོག་ནས་འགྲེལ་བརྗོད་བྱ་དགོས་པས་དེ་ནི་ཚད་ལྡན་གྱི་དཔེ་གཟུགས་Standard model ནང་གསལ་པོ་བཤད་ཡོད། མི་རིང་བར་ལྟེ་ཤུགས་དྲག་པ་ཡང་གློག་ཁབ་ལེན་དང་ལྟེ་ཤུགས་ཞན་པ་ལས་ལོགས་སུ་ཕྱིར་ཐོན་པ་དང་། དེ་ནི་འཇིག་རྟེན་རྒྱ་སྐྱེད་འགོ་བཙུགས་པ་དང་དུས་མཉམ་དུ་བྱུང༌། གྲུབ་དོན་འགའ་ཞིག་ལྟར་བྱས་ན་དེ་རྗེས་སྣེ་རྐྱང་པའི་ཁབ་ལེན་རྭ་བ་Magnetic monopoleབྱུང་དགོས་པ་འདོད་ཀྱི་ཡོད། དུས་སྐབས་དེའི་རིང་ལྟེ་ཤུགས་དྲག་པ་དང་གློག་ཁབ་ལེན་དང་ཞན་ཤུགས་བཅས་མཉམ་དུ་ཚོགས་པས་འཇིག་རྟེན་ནང་ཡོད་པའི་རྡུལ་ཧིག་སི་བྷོ་སོན་ Higgs boson ཁོ་ན་ཡིན་པ་འདོད།

41 of 50

42 of 50

རྒྱ་སྐྱེད་ཀྱི་བསྐལ་པ། (The inflationary epoch)�གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ་ ༡༠^ ༣༦ ནས་ ༡༠^ ༣༢ བར།

དུས་བསྐལ་འདི་ནི་འཇིག་རྟེན་རྒྱ་སྐྱེད་མགོ་བཙུགས་པའི་དུས་དང་སྐབས་དེའི་དྲོད་ཚད་ཤེས་རྟོགས་མི་ཐུབ་པས་དུས་ཡུན་ཇི་ཙམ་གནས་མིན་ཏག་ཏག་གཅིག་ཤེས་ཐུབ་ཀྱི་མེད། དུས་བསྐལ་འདིའི་སྐབས་འཇིག་རྟེན་གྱི་དབྱིབས་ལེབ་མོར་སོང་བ་དང་། ཕྱོགས་མཐའ་ཡོངས་སུ་གཅིག་འགྱུར་དང་རྒྱུ་མཚུངས་ཡིན་པས་འབྱུང་འགྱུར་འཇིག་རྟེན་གྱི་དབྱིབས་བཀོད་ཀྱི་ས་བོན་ལྟ་བུ་ཆགས་ཡོད། གས་སྒྲ་ཆེན་མོ་མ་བྱུང་བའམ་རྒྱ་སྐྱེད་འགོ་འཛུགས་མ་བྱུང་བའི་སྔོན་དུ་འཇིག་རྟེན་ཁམས་ནི་ཧ་ཅང་གྲང་ཤིང་སྟོང་པ་ཞིག་ལ་འདོད་པ་དང་། གས་སྒྲ་ཆེན་མོ་འགོ་འཛུགས་བྱུང་བའི་རྗེས་སུ་དྲོད་ཚད་དང་ནུས་པ་ཧ་ཅང་ཆེན་པོ་བྱུང་བ་ནས་སླར་ཡང་རིམ་བཞིན་དྲོད་ཚད་ཇི་ཆུང་དུ་ཕྱིན་ཡོད།

43 of 50

གློག་ཁབ་ལེན་དང་ཞན་ཤུགས་ཀྱི་བསྐལ་པ། (The Electroweak epoch)�གས་ཐོར་ཆེན་པོ་རྗེས་ཀྱི་སྐར་ཆ་ ༡༠^ ༣༦ ནས་ ༡༠^ ༡༢

སྐབས་འདིར་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ཧ་ཅང་ཆུང་དུ་ཕྱིན་ཟིན་པས་རྩ་བའི་རང་བྱུང་གི་ཤུགས་བཞི་ལས་དྲག་ཤུགས་ནི་གློག་ཁབ་ལེན་དང་ཞན་ཤུགས་ལས་ཕྱིར་ཐོན་ཟིན། འདི་ལྟའི་འཕེལ་འགྲིབ་ཀྱི་འགྱུར་བ་ལས་ཧ་ཅང་གཞི་རྒྱ་ཆེ་བའི་རྒྱ་སྐྱེད་བྱུང་བ་དེར་འཇིག་རྟེན་གྱི་རྒྱ་སྐྱེད་ཟེར་གྱི་ཡོད། རྒྱ་སྐྱེད་ཀྱི་དུས་ཡུན་དེ་རྫོགས་པའི་རྗེས་སུ་ཡང་བོ་སོན་གྱི་རྡུལ་ w དང་ z སོགས་གྲུབ་མེད།

44 of 50

ཁུ་ཨག་གི་བསྐལ་པ། (The Quark epoch)�གས་ཐོར་ཆེན་པོ་རྗེས་ཀྱི་སྐར་ཆ་ ༡༠^ ༡༢ ནས་ ༡༠^ ༦ བར།

གློག་ཁབ་ལེན་དང་ཞན་ཤུགས་ཀྱི་བསྐལ་པའི་རྗེས་སུ་གཞི་རྩའི་རྡུལ་ཚང་མའི་གདོས་ཚད་ཆེ་རུ་ཕྱིན་པ་དང་། རང་བྱུང་གི་ཤུགས་བཞི་པོ་ཡང་ད་ལྟའི་གནས་བབ་བཞིན་ཐ་དད་སོ་སོར་གནས་ནས་རང་གི་བྱེད་ལས་འགོ་བཙུགས། སྐབས་འདི་ཙམ་དུ་ཡང་འཇིག་རྟེན་གྱི་དྲོད་ཚད་ཤིན་ཏུ་ཆེ་བས་ཁུ་ཨག་རྣམས་གཅིག་ཏུ་ཚོགས་ནས་ཧེ་ཌོན་གྱི་རྡུལ་ཆགས་ཐུབ་མེད།

45 of 50

ཧེ་ཌོན་གྱི་བསྐལ་པ། (The Hadron epoch)�གས་ཐོར་ཆེན་པོ་རྗེས་ཀྱི་སྐར་ཆ་ ༡༠^ ༦ ནས་ ༡ བར།

དེ་རྗེས་དྲོད་ཚད་རིམ་བཞིན་དམའ་རུ་ཕྱིན་པ་དང་ལྷན་དུ་ཕོ་རྡུལ་དང་བར་རྡུལ་སོགས་ཧེ་ཌོན་གྱི་རྡུལ་རིགས་གྲུབ་པ་དང་དུས་ཡུན་འདིར་ཧེ་ཌོན་གྱི་དུས་བསྐལ་ཟེར་གྱི་ཡོད། གས་ཐོར་ཆེན་མོ་བྱུང་ནས་སྐར་ཆ་གཅིག་གི་རྗེས་སུ་ནིའུ་ཊྲི་ནོ་རྡུལ་Neutrino particleདག་ཕན་ཚུན་ཁ་གྱེས་ཕྱོགས་གང་སར་ཁྱབ་ནའང་དེ་དག་གི་རྗེས་ཤུལ་ད་ལྟ་རྙེད་དཀའ་བ་ཆགས་ཡོད། འོན་ཀྱང་དེ་ནི་དུས་ཕྱིས་སུ་བྱུང་བའི་གཞི་གདན་སྣང་སྲིད་ཕྲ་རླབས་དང་གཅིག་མཚུངས་ལྟ་བུ་ཆགས་ཡོད།

46 of 50

ལེབ་ཊོན་གྱི་བསྐལ་པ། (The Lepton epoch)�གས་སྒྲ་ཆེན་པོ་རྗེས་ཀྱི་སྐར་ཆ་ ༡ ནས་སྐར་མ་ ༣ བར།

ཧེ་ཌོན་གྱི་དུས་བསྐལ་རྫོགས་མཚམས་ཧེ་ཌོན་དང་དེའི་ལྡོག་རྡུལ་གཉིས་འཐབ་པས་གཉིས་ཀ་ལྷན་དུ་འཇིག་པ་དང་འཇིག་རྟེན་ནང་ཕལ་ཆེ་བ་ལེབ་ཊོན་དང་དེའི་ལྡོག་རྡུལ་གྱི་ཁེངས་ཡོད། གས་ཐོར་ཆེན་མོ་བྱུང་ནས་སྐར་ཆ་གསུམ་ཙམ་གྱི་རྗེས་སུ་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ཐོག་མ་ལས་ཧ་ཅང་དམའ་བས་ལེབ་ཊོན་དང་དེའི་ལྡོག་རྡུལ་གསར་སྐྲུན་མཚམས་འཇོག་བྱུང་བ་དང་། སྔར་ཡོད་ལེབ་ཊོན་དང་དེའི་ལྡོག་རྡུལ་མང་ཆེ་བ་ཕན་ཚུན་འཐབ་པས་ཡལ་ཏེ་ལེབ་ཊོན་གྱི་གྲངས་ཉུང་ཉུང་ཞིག་ལས་ལྷག་མེད།

47 of 50

འོད་རྡུལ་གྱི་དུས་རབས། (The Photon epoch)�གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་མ་ ༣ ནས་ ༣༨༠༠༠༠ བར།

ལེབ་ཊོན་གྱི་དུས་སྐབས་རྫོགས་རྗེས་ལེབ་ཊོན་དང་དེའི་ལྡོག་རྡུལ་མང་ཆེ་བ་འཇིག་ཟིན་པས་འཇིག་རྟེན་ཁམས་ཀྱི་ནུས་པ་ཕལ་ཆེ་བ་འོད་རྡུལ་གྱི་ངོ་བོར་གནས་ཡོད། འོད་རྡུལ་དེ་དག་མུ་མཐུད་ཕོ་རྡུལ་དང་གློག་རྡུལ། ལྟེ་རྡུལ་སོགས་གློག་ཁུར་ལྡན་པའི་རྡུལ་དང་མཉམ་དུ་ནུས་འབྲེལ་བྱུང་བ་དང་། ལོ་ངོ་འབུམ་གསུམ་ཙམ་རིང་དེ་ལྟར་མུ་མཐུད་གནས་པ་རེད།

48 of 50

བསྐྱར་དྲོས་ཀྱི་བསྐལ་པ། (Reheating)�

དུས་བསྐལ་འདི་རིང་དེ་སྔ་རྒྱ་སྐྱེད་སྐབས་བྱུང་བའི་རྒྱ་སྐྱེད་ཤུགས་ཆེ་བ་དེ་མཚམས་ཆད་པ་དང་རྒྱ་སྐྱེད་ཀྱི་ནུས་པ་ལྷག་མ་རྣམས་རྡུལ་གྱི་པི་ལ་སི་མའི་plasma ངོ་བོར་འགྱུར། དུས་སྐབས་འདིར་འཇིག་རྟེན་ཁྱོན་ཡོངས་འགྱེད་འཕྲོ་དང་། ཁུ་ཨག གློག་རྡུལ། ནིའུ་ཊྲི་ནོ་བཅས་ཀྱི་ངོ་བོར་གནས་ཡོད།

49 of 50

བྷར་ཡོན་གསར་བསྐྲུན་གྱི་བསྐལ་བ། (Baryogenesis)�

བྷར་ཡོན་ནི་རྡུལ་རིགས་ཤིག་གི་སྤྱི་མིང་དང་དེར་མཐོང་ཆོས་སུ་ཡོད་པའི་རྡུལ་མང་པོ་ཞིག་ཚུད་ཡོད། འཇིག་རྟེན་ནང་རྡུལ་ཕལ་ཆེ་བར་རང་གི་ལྡོག་ཕྱོགས་ཀྱི་རྡུལ་ཞིག་ཡོད་པ་བཞིན་བྷར་ཡོན་ལ་ཡང་དེའི་ལྡོག་རྡུལ་ཡོད་པ་རེད། འཇིག་རྟེན་ནང་བྷར་ཡོན་གྱི་ལྡོག་རྡུལ་གྱི་གྲངས་ལས་མང་བའི་བྷར་ཡོན་རྡུལ་ཡོད་པ་འདི་རྒྱུ་མཚན་ཅིའི་ཕྱིར་བྱུང་མིན་ད་བར་དངོས་ཁམས་ཚན་རིག་པ་ཚོས་ཤེས་རྟོགས་ཐུབ་ཀྱི་མེད། མདོར་ན་དུས་བསྐལ་འདིའི་རིང་བྷར་ཡོན་གྱི་རྡུལ་རྣམས་གྲུབ་པས་བསྐལ་མིང་འདི་ལྟར་ཐོགས་པ་རེད།

50 of 50

ལྟེ་རྡུལ་བཟོ་སྐྲུན། (Nucleosynthesis)གས་སྒྲ་ཆེན་པོ་རྗེས་ཀྱི་སྐར་མ་ ༣ ནས་སྐར་མ་ ༢༠ བར།

འོད་རྡུལ་དབང་སྒྱུར་གྱི་བསྐལ་པ་རྫོགས་མཚམས་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ནི་རྡུལ་ཕྲན་གྱི་ལྟེ་རྡུལ་ཆགས་ཐུབ་པའི་དྲོད་ཚད་བར་ཆག་པ་དང༌། ཕོ་རྡུལ་དང་བར་རྡུལ་རྣམས་ལྟེ་རྡུལ་སྡེབ་སྦྱོར་གྱི་བརྒྱུད་རིམ་གྱི་ཐོག་ནས་རྡུལ་ཕྲན་གྱི་ལྟེ་རྡུལ་ཆགས་འགོ་བཙུགས། འོན་ཀྱང་ལྟེ་རྡུལ་བཟོ་སྐྲུན་གྱི་གནས་སྟངས་དེ་སྐར་མ་བཅུ་བདུན་མ་གཏོགས་མ་གནས་པ་ནི་འཇིག་རྟེན་ཁམས་གྱི་དྲོད་ཚད་དང་སྟུག་ཚད་གཉིས་ཀ་ཧ་ཅང་ཉམས་འགྱུར་སོང་བས་ལྟེ་རྡུལ་སྡེབ་སྦྱོར་གྱི་བརྒྱུད་རིམ་མུ་མཐུད་གནས་མ་ཐུབ་པས་རེད། དུས་བསྐལ་འདིའི་རིང་ཡང་རླུང་གི་རྡུལ་ཕྲན་གྱི་གྲངས་འབོར་དེ་ཧི་ལི་ཡམ་རྡུལ་ཕྲན་གྱི་གྲངས་ལས་ལྡབ་གསུམ་གྱི་མང་བ་དང་དེ་ལས་གཞན་པའི་རྩ་རྫས་ཀྱི་ལྟེ་རྡུལ་ཧ་ཅང་ཉུང་ངུ་ཞིག་ལས་མེད། འདི་ནི་འཇིག་རྟེན་ཁམས་ཀྱི་ཐོག་མའི་གནས་སྐབས་དང་གཞི་རྡུལ་རྣམས་གྲུབ་ཚུལ་རིམ་པ་ལྟར་བསྟན་པ་ཞིག་ཡིན། འགྲེལ་ཚུལ་འདི་གས་ཐོར་ཆེན་པོའི་རྣམ་བཞག་དང་དེའི་རྒྱབ་རྟེན་གྱི་དཔང་རྟགས་ཁས་ལེན་བྱེད་པའི་ཚན་རིག་པ་ཚོའི་འགྲེལ་ཚུལ་ཞིག་ཆགས་ཡོད་ལ་འགྲེལ་ཚུལ་འདི་ནི་ད་ལྟའི་དངོས་ཁམས་ཚན་རིག་གི་འགྲེལ་ཚུལ་ཚད་ལྡན་དེར་ངོས་འཛིན་བྱེད་ཀྱི་ཡོད།